༄༅། །འབྱུང་བཞི་གཏོར་མའི་བཤད་འཁྲིད་ལེགས་བཤད་གསར་པའི་དགའ་སྟོན་མཐོང་བ་འཛུམ་ཤོར་ཞེས་བྱ་བ་བཞུགས་སོ།། [001A] །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་དང། །དབྱེར་མེད་དམ་པ་རྒྱ་གར་ལ་བཏུང་ནས། །མགོན་དེའི་བཞེད་སྲོལ་འབྱུང་ བཞིའི་གཏོར་མ་ཡི། །ཚིག་དོན་དམིགས་འཁྲིད་ཆེ་ལོངས་ཙམ་ཞིག་བཤད། དེ་ཡོད་རྒྱ་གར་དམ་པ་སངས་རྒྱས་ཀྱི་བཞེད་སྲོལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ གྱིས་གསལ་བར་མཛད་པའི་འབྱུང་བཞིའི་གཏོར་མ་གཏོང་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་ཆོག་གོ་དང་པོ་ལ་གཉིས། བཤམ་པ་དང། བསྒོམ་པའོ། ། དང་པོ་ནི། འདི་ལ་ཕྱག་ལེན་ཅུང་ཟད་མི་འདྲ་བ་མང་དུ་སྣང་ཡང་གཞུང་གི་དགོངས་པ་ཇི་ལྟ་བ་བཞིན་བྱེད་ན། ཕྱེ་དང་ཆུ་གཙང་ལ་དྲི་འི་སྔོན་འགྲོ་འི་སྔོན་འགྲོ། ལྔ་སྨན་ [002A]༄༅། །ལྔ་རིན་པོ་ཆེ་ལྔ་སོགས་བཏབ་སྟེ་སྦྲུས་པའི་ཟན་ལ་གཏོར་མ་རྣམས་བཤད་ཚོད་ལྟར་བཤམས་ཏེ། གཏོར་སྣོད་ལྔར་བྱེད་ན་མདུན་དུ་རང་གི་ གཡོན་ཕྱོགས་ནས་བརྩམས་ཏེ། གཏོར་སྣོད་དང་པོར་ཟླ་གམ། གཉིས་པར་གྲུ་གསུ། གསུམ་པར་ཟླུམ་པོ། བཞི་པར་གྲུ་བཞི། ལྔ་པར་སྤྱི་འགྲོ་ཙམ་ལ་ཟན་རིལ་ བཅོ་བརྒྱད་དང། ནང་པའི་ཕྱིར་ཡིན་ན་དར་ཕྱེ་ལས་བྱས་པའི་གླུང་ནང་པའི་གཟུགས་བརྙན་ཅན་རྣམས་མདུན་འབུལ་ཡུལ་ལམ་རང་ཉིད་ལ་བསྟན་པ་གང་རུང་ དང། གཞུང་དུ་མི་གསལ་ཡང་ཕྱག་ལེན་ལ་འདུག་པ་ལྟར། ཟན་རིལ་བྱེད་ན་གཏོར་སྣོད་ལྔ་ག་དང། གླུད་གཟུགས་བྱེད་ན་དང་པོ་བཞི་ལ་ཆུ་ཡང་བླུག་སྟེ་བཤམས་ ཡང་སྣོད་གཅིག་ཏུ་བྱད་ན་དབུས་སུ་ཟླུམ་གཏོང་མདུན་དང་ཉིད་ལ་བསྟན་པ་དང། དེའི་མཐར་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཟླ་ཁམ། གྲུ་གསུམ། ཟླུམ་པོ་ [002B] འདི་ལ་གླུད་གཟུགས་བྱེད་ན་སྣོད་ལོགས་སུ་བྱེད་པ་བདེ་བས་སྔར་བཞིན་བྱའོ། །གཉིས་པ་བསྒོམ་པའི་སྔོན་ འགྲོ་ནི། ཀུན་སློང་བཅོས་ཏེ་མདུན་གྱི་ནམ་མཁར་སེང་ཁྲིའི་སྟེང་དུ་པདྨ་འདབ་མ་བཞི་པའི་ལྟེ་བར་བླ་མ་དམ་པ་སངས་རྒྱས། མདུན་གྱི་པད་འདབ་ཏུ་དངོས་བརྒྱུད་ཀྱི་བླ་མ། གཡས་ ཀྱི་པད་འདབ་ཏུ་ཡི་དམ་སངས་རྒྱས། རྒྱབ་ཀྱི་པད་འདབ་ཏུ་སྡེ་སྣོད་གསུམ་དང་རྒྱུད་སྔེ་བཞིའི་ཆོས་པུ་ཏི། གཡོན་གྱི་པད་འདབ་ཏུ་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་གི་ དགེ་འདུན་ཏེ། སྐྱབས་ཡུལ་རྣམས་ལམ་གྱིས་གསལ་བཏབ་ནས། རང་གི་མཐའ་སྐོར་དུ་སེམས་ཅན་སྤྱི་དང་ཁྱད་པར་འབྱུང་འཁྲུགས་ཀྱི་ཟུག་རྔུས་ཉན་པ་རྣམས་བསམས་ ལ། རང་གཞན་སེམས་ཅན་ཐམས་ཅད་སྤྱིར་འཁོར་བ། སྒོས་ངན་སོང། ཡང་སྒོས་འབྱུང་འཁྲུགས་ཀྱི་ཟུག་རྔུས་མནར་བ་ལ་ཤིན་ཏུ་འཇིགས་ཤིང་སྙིང་རྗེ་བ་དང། མདུན་གྱི་ སྐྱབས་ཡུལ་རྣམས་ལ་འཇིགས་པ་དེ་རྣམས་ལས་སྐྱོབ་པའི་ནུས་མཐུ་ཡོད་པར་ཡིད་ཆེས་ཏེ། བློ་བརྗིད་འགལ་གྱི་སྒོ་ནས་སྐྱབས་སུ་འགྲོ་བར་མོས་ནས། བདག་དང་འགྲོ་བ་ནམ་ [003A]༄༅། །མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་ སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་པས་སྐྱབས་ཡུལ་རྣམས་ལས་བདུད་རྩི་བབས་པས་རང་གཞན་གྱི་སྡིག་སྒྲིབ་བཀྲུས་ནས་སྐྱབས་འོག་ཏུ་ཆུད་པའི་མོས་པ་བྱའོ། །དེ་ནས་ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་ སངས་རྒྱས་འགྲུབ་པར་ཤོག་ཅེས་ལན་གསུམ་གྱིས་སེམས་བསྐྱེད་པར་བྱ་སྟེ། འདིའི་ཚིག་རྐང་དང་པོ་གཉིས་ཀྱིས་བསྐྱབས་བསྟན་ཀྱང་གོང་དང་མི་ཟློས་ཏེ། གོང་མ་ལམ་ལོག་པ་ ལས་ཁྱད་པར་དུ་བྱེད་པའི་སྐྱབས་འགྲོ་ཙམ་དང། འདི་ལམ་དམན་པ་ལས་ཁྱད་པར་དུ་བྱེད་པའི་སེམས་བསྐྱེད་ཀྱི་རྟེན་དུ་གྱུར་པའི་སྐྱབས་འགྲོ་ཡིན་པའི་ཕྱིར་རོ། །ཚིག་རྐང་ གསུམ་པས་འཇུག་པ་སེམས་བསྐྱེད་བསྟན་ཏེ། དེ་ནི་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་དམ་བཅའ་བ་ཡིན་ལ། འདིས་ཀྱང་སྦྱིན་སོགས་ཕར་ཕྱིན་དྲུག་གིས་བསྡུས་པའི་རྒྱལ་ [003B] །ཚིག་རྐང་ཐ་མས་སྨོན་པ་སེམས་བསྐྱེད་བསྟན་ཏེ། དེ་ནི་དོན་གཉེར་གཉིས་དང་ལྡན་པའི་སེམས་ཡིན་ལ། འདིས་ཀྱང་འགྲོ་ལ་ཕན་ཕྱིར་ཞེས་ པས་གཞན་དོན་དོན་གཉེར་དང། སངས་རྒྱས་འགྲུབ་པར་ཤོག་ཅེས་པས་བྱང་ཆུབ་དོན་གཉེར་བསྟན་པའི་ཕྱིར་རོ། །དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་ དུ་བྱམས་པ་ཚད་མེད་བུ་གཅིག་པའི་མ་ལྟ་བུ་དང། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་དུ་སྙིང་རྗེ་ཚད་མེད་སྨན་པའི་རྒྱལ་པོ་ལྟ་བུ་དང། སེམས་ ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་དུ་དགའ་བ་ཚད་མེད་མཐུན་པའི་གྲོགས་པོ་དང་ཕྲད་པ་ལྟ་བུ་དང། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་ བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་སྙམ་དུ་བཏང་སྙོམས་ཚད་མེད་ནམ་མཁའི་དཀྱིལ་ལྟ་བུ་བསྒོམས་ནས། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་གི་སྨིན་མཚམས་སུ་ཐིམ་པས་རྒྱུད་ བྱིན་གྱིས་བརླབས་པར་བསམ་མོ།། ༈ གཉིས་པ་དངོས་བཞི་ལ་གསུམ། བདག་བསྐྱེད་དང་གཏོར་མགྲོན་བསྐྱེད་པ། ཡན་ལག་བདུན་པ་ཕུལ་ནས་གསོལ་བ་གདབ་བོ། གཏོར་མ་བྱིན་གྱིས་བརླབས་ནས་འབུལ་བའོ། །དང་པོ་ནི་ [004A]༄༅། །སྤྱིར་བདག་མདུན་ཡང་ཐ་དད་ལ་འཇུག་པ་ཡང་ཐ་དད་དུ་བྱེད་པ་དང། བདག་མདུན་ཡང་གཅིག་ལ་འཇུག་པ་ཡང་གཅིག་ཏུ་བྱེད་པ་དང། བདག་མདུན་གཅིག་ལ་འཇུག་པ་ཐ་དད་ དུ་བྱེད་པ་དང། བདག་མདུན་ཐ་དད་ལ་འཇུག་པ་གཅིག་ཏུ་བྱེད་པ་སྟེ་མུ་བཞི་ཡོད་པ་ལས། འདི་ཕྱི་མ་ལྟར་ཡིན་ཏེ། མདུན་གྱི་གཏོར་མགྲོན་ལ་ངའོ་སྙམ་པའི་ང་རྒྱལ་མི་བྱེད་ཅིང། བདག་མདུན་ གཉིས་ཀ་ཚིག་རིས་གཅིག་གིས་བསྐྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་སྐྱབས་ཡུལ་ཐིམ་པ་དང་མཉམ་དུ་སྣོད་བཅུད་ཐམས་ཅད་ཀྱང་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་འོད་དུ་ཞུ་ནས་སྣང་ངོར་ ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་ཀྱིས་སྟོངས་པའི་སྟོང་སང་ནམ་མཁའ་ལྟ་བུ་དང། ངེས་ངོར་སྭ་བྷཱ་ཝའི་སྔགས་བརྗོད་པའི་ཚེ་དེའི་སྔགས་དོན་དྲན་ཏེ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མ་བརྟགས་པའི་ཚེ་སྡོད་ལུགས་ཀྱི་ངོས་ནས་གྲུབ་གྲུབ་འདྲ་ཡང། རིགས་པས་བརྟགས་པའི་ཚེ་རང་རང་གི་གདགས་གཞི་རྣམས་དང་གཅིག་ཐ་དད་གང་དུ་ཡང་མ་གྲུབ་པས་ན་སྡོད་ལུགས་ཀྱི་ངོས་ ནས་མེད་པའི་ངེས་ཤེས་དྲངས་ཏེ། དེ་ལྟར་ངེས་མཁན་གྱི་བློ་དེ་ཡང་ཡེ་ཤེས་ཆོས་སྐུ་དངོས་ཡིན་པའི་ང་རྒྱལ་དང་བཅས་ཏེ་བསྒོམ་པར་བྱའོ། །དེ་ནས་ངེས་ངོའི་སྟོང་པ་དེ་ལས་མ་གཡོས་པའི་རང་ནས་སྣང་ [004B] ཡེ་ཤེས་དེའི་གཟུང་རྣམ་སྔར་བདག་ཉིད་ཀྱི་མ་དག་པའི་ཕུང་པོ་འོད་དུ་ཞུ་བའི་གོ་ས་ཉིད་དང། དེའི་མདུན་གྱི་ནམ་མཁའི་དབྱིངས་ཏེ་དབུས་སུ་སེངྒེས་བཏེག་པའི་ རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་དེའི་ལྟེ་བར་ཉི་མ་དང་ཟླ་བ་དང་རི་དྭགས་ཀྲྀཥྞ་ས་རའི་པགས་པའི་གདན་བཏིངས་པའི་སྟེང་དུ། འདས་མ་འོངས་ད་ལྟ་སྟེ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ ཡེ་ཤེས་གཅིག་ཏུ་བསྡུས་པའི་ངོ་བོ་རྒྱ་གར་དམ་པ་སངས་རྒྱས་རེ་རེ་བསྒོམ་སྟེ། དེ་ཡང་རང་དམ་པར་སྒོམ་པ་ལ་ནི་ཁྲི་ཆུང་དུ་ཞིག་གིས་ཆོག་ཅིང་མཐའ་སྐོར་དུ་འཁོར་བསྒོམ་མི་དགོས་པ་སྐབས་སྟོབས་ ཀྱིས་ཤེས་ལ། མདུན་བསྐྱེད་ལ་ནི་ཁྲི་མཐོ་ཞིང་ཡངས་པའི་སྟེང་དུ་རྒྱ་ཇེ་ཆང་དང་དཔངས་ཇེ་མཐོར་སོང་བའི་པད་རིམ་ལྔ་བརྩགས་ཡོད་པའི་སྟེང་མ་འདབ་མ་བཞི་པའི་ལྟེ་བར་ཉི་ཟླ་པགས་པའི་སྟེང་དུ་ ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་རྩ་བའི་བླ་མ་ཡིན་པ་ལ་ནམ་པ་རྒྱ་གར་དམ་པ་སངས་རྒྱས་སུ་བསྒོམ་དགོས་སོ། །དེ་ཡང་ཀྲྵྞ་ས་ར་ནི། ལེགས་ སྦྱར་ལྟ་བའི་མེ་ལོང་ལས། ཀྲྀཥྞ་ས་ར་ཞེས་བྱ་བ། །རི་དྭགས་ནག་པོ་ཞེས་པ་ལ། །ཁྲི་གཉེན་ས་ལེར་བླུན་པོས་བཏགས། ཞེས་པ་ལྟར་ཀྲྀཥྞ་ནག་པོ་དང་ས་ར་རི་དྭགས་ཏེ་རི་དྭགས་ནག་པོའམ། ཟུར་ [005A]༄༅། །ཆག་གི་སྐད་དུ་ཁྲི་གཉན་ས་ལེར་གྲགས་པ་དེའོ། །དམ་པ་སངས་རྒྱས་ནི། སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་སེང་ལྡང་གི་ཌཱ་མ་རུ་འཁྲོལ་ཞིང་གཡོན་ དངུལ་དཀར་གྱི་དྲིལ་བུ་གསིལ་བ། ཞལ་ནས་ཨཱ་ལི་ཀཱ་ལིའི་སྒྲ་སྒྲོག་ཅིང་ཐུགས་ལ་བཀའ་བསྟན་ཐམས་ཅད་ཀྱི་དགོངས་དོན་མངའ་བ། སྤྱན་གཉིས་ནམ་མཁའ་ལ་གཟིགས་པས་ཁམས་གསུམ་ དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། རུས་པའི་རྒྱན་དྲུག་གིས་སྤྲས་ཤིང་ཞབས་གཉིས་སེམས་དཔའི་ཀྱིལ་ཀྲུང་གིས་བཞུགས་པ་སྟེ་འདི་ནི་བདག་མདུན་གཉིས་ཀ་ལ་འདྲའོ། །དེ་ནས་ མདུན་བསྐྱེད་ཀྱི་དམ་པའི་སྟེང་གི་ནམ་མཁར་དངོས་བརྒྱུད་ཀྱི་བླ་མ་རྣམས་དང། མདུན་གྱི་པད་འདབ་ཏུ་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེའི་རིགས་དང་རྣམ་སྣང་གི་རིགས་ཀྱི་ཡི་དམ་མཁའ་འགྲོ་ཆོས་སྤྱོད་ གིས་བསྐོར་བ། གཡས་ཀྱི་པད་འདབ་དུ་རིན་ཆེན་འབྱུང་ལྡན་ལ་རིན་པོ་ཆེའི་རིགས་ཀྱི་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས་བསྐོར་བ། རྒྱབ་ཀྱི་པད་འདབ་ཏུ་སྣང་བ་མཐའ་ཡས་ལ་པད་མའི་རིགས་ཀྱི་ ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས་བསྐོར་བ། གཡོན་གྱི་པད་འདབ་ཏུ་དོན་ཡོད་གྲུབ་པ་ལ་ལས་ཀྱི་རིགས་ཀྱི་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས་བསྐོར་བ། དེ་རྣམས་ཀྱི་འོག་གི་པད་རི་ [005B] གསུམ་པིར་བྱང་སེམས། བཞི་པར་རང་རྒྱལ། ལྔ་པར་ཉན་ཐོས་རྣམས་ཀྱིས་བསྐོར་ནས་བཞུགས་པ། རང་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ་ མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ནས་བདག་དང་མདུན་བསྐྱེད་ཀྱི་ལྷ་ ཚོགས་གཉིས་ཀ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམ་མོ། ༈ །གཉིས་པ་ཡན་ལག་བདུན་པ་ཕུལ་ནས་གསོལ་བ་གདབ་པ་ནི། གང་ཞིག་ལ་ཕྱག་འཚལ་ན། རིན་ཆེན་འཕྲེང་བ་ལས། སངས་ རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། ཞེས་གསུངས་པ་ལྟར། བསོད་རྣམས་ཀྱི་མཐུ་ལས་གྲུབ་པའི་སྐུ། སེམས་ཅན་གང་ལ་གང་འདུལ་དུ་སྤྲུལ་པ་ལ་སོགས་ པའི་ཡོན་ཏན་རྣམ་པ་དུ་མའི་ཚོགས་ཀྱིས་རབ་ཏུ་བརྒྱན་ཅིང། ཇི་ཙམ་བལྟས་ཀྱང་ངོམས་པར་མི་འགྱུར་བའི་ཕྱག་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ་ལ་སོགས་པའི་མཚན་སུམ་ཅུ་རྩ་གཉིས་ དང། སེན་མོ་ཟངས་མདོག་ལྟར་དམར་བ་ལ་སོགས་པའི་དཔེ་བྱད་བརྒྱད་ཅུའི་དཔལ་དང་ལྡན་པས་གཟི་འོད་འབར་བ་ཅན། རྩོད་མེད་ཡོངས་གྲགས་ཀྱི་གྲུབ་ཐོབ་དམ་པ་སངས་རྒྱས་ཞེས་བྱ་བ་ [006A]༄༅། །དེའི་ལྷ་ཚོགས་རྣམས་ཀྱི་སྐུའི་ཆའི་དམའ་ཤོས་ཞབས་ལ་རང་གི་ལུས་ཀྱི་ཆ་མཐོ་ཤོས་མགོ་བོས་གཏུགས་ཏེ་གུས་པས་འདུད་པ་ནི་ཕྱག་འཚལ་བའི་ཡན་ལག་དང། དངོས་སུ་ བཤམས་པའི་མཆོད་པ་ཅི་ཡོད་དང། ཁྱད་པར་རང་ཉིད་དམ་པར་གསལ་བའི་ཐུགས་ཀ་ནས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་སོགས་ཀྱི་མཆོད་རྫས་ཐོགས་པའི་ལྷ་མོས་མཆོད་པས་ ཚོགས་ཞིང་རྣམས་བདེ་བས་ཐུགས་རྒྱུད་ཚིམ་པར་བསམ་པ་ནི་མཆོད་པ་འབུལ་བའི་ཡན་ལག་དང། རང་གཞན་གྱིས་སྔོན་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་སྒོ་གསུམ་གྱིས་བསགས་པའི་ རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་སྡིག་པ་དང། གནས་འོག་མར་ལྟུང་ཞིང་ཡོན་ཏན་གོང་མ་སྐྱེ་བ་ལ་གེགས་བྱེད་པའི་ལྟུང་བ་ཐམས་ཅད་འགྱོད་སྡོམ་དྲག་པོས་སྦྱོང་བ་ནི་བཤགས་པའི་ཡན་ལག་ དང། སོ་སོ་སྐྱེ་བོ་དང། ཉན་ཐོས་འཕགས་པ་དང། རང་རྒྱལ་འཕགས་པ་དང། བྱང་སེམས་འཕགས་པ་དང། སངས་རྒྱས་འཕགས་པ་སྟེ་གང་ཟག་ལྔའི་རྒྱུད་ཀྱི་དགེ་བ་རྣམས་ལ་དབུལ་པོས་ གཏར་རྙེད་པ་ལྟ་བུའི་དགའ་བ་སྒོམ་པ་ནི་རྗེས་སུ་ཡི་རང་བའི་ཡན་ལག་དང། རྡོ་རྗེས་མཚན་པའི་སེང་ཁྲི་རེ་ཕུལ་ཏེ་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དེ་ [006B] མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་དང། གསེར་གྱི་འཁོར་ལོ་རེ་ཕུལ་ཏེ་ འགྲོ་བ་སེམས་ཅན་རྣམས་ལ་རང་རང་གི་བློ་དང་འཚམས་པའི་ཆོས་སྟོན་པར་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས་པར་བསམ་པ་ནི་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་དང། བདག་ རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་དུ་བསྒོམ་པ་ནི་བསྔོ་བའི་ཡན་ལག་སྟེ་དེ་རྣམས་ལས་དང་པོ་པའི་བསག་སྦྱང་གི་ གནད་འགག་གཅིག་པུ་བསྡུས་པའི་བསྡོམས་ལྟ་བུ་ཡིན་པས་ཚིག་བཤར་ཙམ་དུ་མ་སོང་བར་རྒྱུད་དང་འདྲེས་པར་ཉམས་སུ་ལེན་ནོ། །དེ་ནས་རྗེ་བཙུན་དམ་པ་སངས་རྒྱས་ཞེས་མཚན་ཉི་མ་ དང་ཟླ་བ་ལྟར་ཡོངས་སུ་ཀྲགས་ཤིང། །འཛམ་བུའི་ལྗོན་པས་མཚན་པའི་གླིང་འདི་མཛེས་པར་བྱེད་པའི་རྒྱན་ཉག་གཅིག་ཏུ་བྱུང་བ། བདུད་བཞིའི་དག་པས་རྒྱལ་བས་ནི་མི་ཕམ་པར་གྲགས་ པའི་བྱམས་མགོན་གྱི་རྣམ་འཕྲུལ་ཁྱད་ལ་གསོལ་བ་འདེབས་པ་སྟེ་ཞུ་བ་འབུལ་ལ། །གང་ཞུ་ན་བདག་དང་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ནད་གདོན་སྡིག་སྒྲིབ་སོགས་ [007A]༄༅། །སྔར་མེད་ལས་སྲུང་ཞིང་སྔར་ཡོད་ལས་སྐྱོབ་པར་མཛད་ཅིང། མཐུན་རྐྱེན་མཆོག་མཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཅིག་ཅེས་པ་སྟེ། དེའི་ཚེ་མགྲོན་རྣམས་ལས་བདུད་ རྩི་འོད་ཟེར་སྣ་ལྔའི་ཚོགས་བབས་ནས་རང་གཞན་གྱི་འགལ་རྐྱེན་བཀྲུས་ཤིང་བདུད་རྩི་ས་། ༈ གཉིས། བྱིན་གྱིས་བརླབ་པ་དང། འབུལ་བའོ། །དང་པོ་ནི། གཏོར་མ་རྣམས་ལ་གནས་པའི་བགེགས་ཟས་སུ་གཏོར་མ་ཟ་བ་ལ་སོགས་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བརྗོད་ལ་ རང་གི་སྙིང་ག་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྤྲོས་ཏེ་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཉཧཾ། ཞེས་བརྗོད་ལ། གཏོར་མ་སྣོད་དང་བཅས་པ་འོད་དུ་ཞུ་ནས་གཟུང་འཛིན་གྱིས་བསྡུས་ པའི་ཆོས་ཐམས་ཅད་རང་བཞིན་རྣམ་པར་དག་པའི་སྟོང་ཉིད་ཀྱི་ལྟ་བ་དྲན་ཏེ་སྦྱངས། སྟོང་པའི་ངང་ལས་གཏོར་སྣོད་ཐ་དད་དུ་བྱེད་ན་སྣོད་རེ་རེའི་གོ་སར་བྷྲཱུཾ་དཀར་པོ་རེ་རེ་བྱུང་བ་འོད་དུ་ཞུ་བ་ལས་ རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རིམ་པ་ལྟར་དང། སྣོད་གཅིག་བྱེད་ན་དེའི་གོ་སར་བྷྲཱུཾ་དཀར་པོ་ཞིག་བྱུང་བ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་ལས་གྲུབ་པའི་ [007B] ཡཾ་སྔོན་པོ། རཾ་དམར་པོ། བཾ་དཀར་པོ། ལཾ་སེར་པོ་རྣམས་ཡོངས་སུ་གྱུར་པ་ལས་བྱུང་བའི་རླུང་རྫས་སྔོན་པོ་ཟླ་གམ། མེ་རྫས་ དམར་པོ་གྲུ་གསུམ། ཆུ་རྫས་དཀར་པོ་ཟླུམ་པོ། ས་རྫས་སེར་པོ་གྲུ་བཞི་སྟེ་འབྱུང་བཞི་སོ་སོའི་གཏོར་མ་རྣམས་ཁ་དོག་མཛེས་པ། དྲི་ཞིམ་པ། རོ་བདའ་བ། ནུས་པ་ཆེ་བ་སོགས་ཡོན་ཏན་མཐའ་ ཡས་པ་དང་ལྡན་པ། ཟླ་གཟུགས་གཅིག་ཉིད་ཆུ་སྣོད་མང་པོར་འཆར་བ་ལྟར་ནམ་མཁའི་མཐའ་དང་མཉམ་པར་འཕྲོ་ཞིང། རིགས་འདྲའི་རྒྱུན་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དེ་སྲིད་དུ་ གནས་པ། ངོ་བོ་གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་ཡོན་ལྔ་དང་ལྡན་ཅིང། མི་མཐུན་ཕྱོགས་འཇོམས་པ་ལ་བདུད་དང། མཐུན་ཕྱོགས་ལ་ཕན་འདོགས་པས་རྩི་སྨན་དང་འདྲ་བས་ན་བདུད་རྩི་ ཇི་ཙམ་སྤྱད་ཀྱང་ཟད་པ་མེད་པས་ན་རྒྱ་མཚོ་ཆེན་པོ་ལྟར་གྱུར་པར་བསམ་ལ། ཨོཾ་ཨཱ་ཧཱུཾ། ལན་གསུམ་བརྗོད། ལན་དང་པོའི་ཚེ། ཨོཾ་གྱིས་སྣོད་དང། ཨཿ་ས་ཟས་དང། ཧཱུཾ་གིས་ཆུའི་ཉེས་ སྐྱོན་སྦྱོང་བ་དང། ལན་གཉིས་པའི་ཚེ། ཨོཾ་གྱིས་སྣོད་རིན་པོ་ཆེ་དང། ཨཱ་ས་ཟས་རོ་བརྒྱ་པ་དང། ཧཱུཾ་གིས་ཆུ་བདུད་རྩིར་སྒྱུར་བ་དང། ལན་གསུམ་པའི་ཚེ། ཨོཾ་གྱིས་སྣོད་སྟོང་གསུམ་ [008A]༄༅། །ཙམ་དང། ཨཱ་ས་ཟས་རི་རབ་ཙམ་དང། ཧཱུཾ་གིས་བཏུང་བ་རྒྱ་མཚོ་ཙམ་དུ་སྤེལ་བར་མོས་པའམ། ཡང་ན་བདག་གི་བླ་མའི་ཞལ་གྱི་བདུད་རྩི་ལྟར། རང་གི་ཐུགས་ཀའི་ཧཱུཾ་ གི་ཐིག་ལེར་ཟླ་གདན་ལ་རང་གཞན་སེམས་ཅན་སྤྱི་བྱེ་བྲག་རྣམས་གསལ་བཏབ་ནས། དེ་རྣམས་ཀྱི་ནད་ཐམས་ཅད་བཤད་གཅི་དང་རྣག་ཁྲག་གདོན་ཐམས་ཅད་སྡོམ་སྡིག་དང་སྦལ་སྤྲུལ་ སྡིག་སྒྲིབ་ཐམས་ཅད་སོལ་ཁུ་དང་དུད་ཁུའི་རྣམ་པར་བ་སྤུའི་བུ་ག་ནས་ཕྱུངས་ཏེ། གཏོར་རྫས་རྣམས་ལ་ཐིམ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་མོ།། ༈ གཉིས། སྤྱིའི་དོན་དང། གཞུང་གི་དོན་ནོ། །དང་པོ་ནི། གཏོར་སྔགས་སོ་སོའི་དང་པོར་ཨོཾ་དང་མཐར་སཱ་ཧཱ་སྦྱར་བ་ལ་ནི་སྤྲུལ་གྱི་གདེངས་ཀ་དང་མཇུག་མ་ལྟར་ཡོད་པས་སྦྲུལ་གྱི་སྔགས་ཞེས་བྱ་སྟེ། རྡོ་རྗེ་ གཙུག་ཏོར་གྱི་རྒྱུད་ལས། མགོ་བོར་ཨོཾ་ཡོད་ཐ་མར་ནི། །སཱ་ཧཱ་དང་ཡང་ཡང་དག་ལྡན། །སྤྲུལ་ཏེ་ཞི་བའི་ལས་ཅན་དུ། །སྔགས་སྟོན་རྣམས་ཀྱིས་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར། བར་གྱི་ དབྱངས་གསལ་འདི་དག་མངོན་པའི་ལུགས་ལ་མིང་ཚིག་ཡི་གེ་གསུམ་གྱི་ནང་ནས་ཡི་གེ་ཁོ་ན་ཡིན་པས་བོད་སྐད་ལ་བསྒྱུར་དུ་མེད་དེ། སློབ་དཔོན་བློ་བརྟན་གྱི་ཕུང་པོ་ལྔའི་བཤད་པ་ལས་ [008B] །དེ་ཡི་ཁྱད་པར་སྟོན་པ་ཚིག་གང་ཡང་མི་སྟོན་ཡི་གེའོ། ཞེས་གསུངས་པའི་ཕྱིར། ཙ་སྡེ་བརྗོད་པའི་ཚེ་ལྕེ་རླུང་ལྟར་ཡང་ཞིང་གཡོ་བའི་རྣམ་པ་ཅན་དང། ཊ་སྡེ་བརྗོད་པའི་ཚེ་ ལྕེ་རྩེ་མེ་ལྕེ་གྱེན་དུ་འབར་བའི་རྣམ་པ་ཅན་དང། པ་སྡེ་བརྗོད་པའི་ཚེ་རླུང་ཆུ་ཐུར་དུ་འབབ་པའི་རྣམ་པ་ཅན་དང། ཏ་སྡེ་བརྗོད་པའི་ཚེ་ལྕེ་ས་ལྟར་སྲ་ཞིང་འཐས་འཐས་པོའི་རྣམ་པ་ཅན་དུ་ཡོད་པས་ཡི་ གེ་དེ་རྣམས་རིམ་པ་ལྟར་རླུང་མེ་ཆུ་སའི་ཁམས་ཀྱི་ཡི་གེར་བཞག་པ་ཡིན་ཏེ། དེ་ལྟར་དུ་སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིའི་སྔགས་ཀློག་གི་རང་འགྲེལ་མཐོང་བ་དོན་གསལ་སོགས་ལས་བཤད་ཅིང་མྱོང་ བས་ཀྱང་གྲུབ་པའི་ཕྱིར། དེ་ལྟར་ན་གཞུང་འདིའི་གཏོར་སྔགས་དང་པོ་གཉིས་གོ་ལྡོག་པ་ལྟ་བུར་སྣང་བ། ཆུ་བར་ནམ་མཁའ་རྒྱལ་མཚན་ལ་སོགས་པའི་སྔོན་གྱི་ཡིག་རྙིང་སོར་གཞག་ཏུ་མཛད་པ་ཡིན་ མོད་ཀྱི། །འབྱུང་བ་རང་རང་གི་ཁམས་དང་མཐུན་པར་བསྒྱུར་ན་ལེགས་པ་ཡིན་ཏེ། སློབ་དཔོན་ངག་དབང་རིན་ཆེན་གྱི་འབྱུང་བཞི་གཏོར་མ་དག་འདོན་འཁྱེར་བདེར་བཀོད་པ་དང། རྗེ་བཙུན་དམ་པ་ ངག་དབང་རྡོ་རྗེའི་ཞལ་སྔ་ནས་ཀྱི་འབྱུང་བཞི་གཏོར་མ་ལྷན་ཐབས་མ་གཉིས་སུ་དབྱངས་གསལ་གཉིས་ཀ་རང་རང་གི་ཁམས་དང་མཐུན་པར་བསྒྱུར་ཅིང། རྗེ་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་ [009A]༄༅། །གྱི་འབྱུང་བཞི་གཏོར་མ་གཏོང་ཚུལ་ལས་ཀྱང། འདིར་གོང་དུ་བཀོད་པའི་འབྱུང་བཞིའི་གཏོར་མ་བསྡུ་བའི་སྔགས་པ་མཚན་ཐམས་ཅད་མཁྱེན་པའི་ཡིག་གེ་ལྟར་བཀོད་པ་ཡིན་ལ་ མཁས་བཙུན་ཡོན་ཏན་རྒྱ་མཚོའི་གཏོར་ཚོགས་ལས། ཟླ་གམ་ལ། ཨོཾ་ཙ་ཚ་ཛ་ཛྷ་ གྲུ་གསུམ་པ། ཨོཾ་ཊ་ཋ་ཌ་ཌྷ་ས་རཾ་རྀ་རཱྀ་ཨེ་ཨཻ་སཱ་ཧཱ། ཞེས་གསལ་བྱེད་ཀྱི་སྔགས་གཉིས་གོ་ ལྡོག་སྟེ་འབྱུང། སྔགས་ཀློག་རྣམས་ལས་དབྱངས་གསལ་འབྱུང་བ་སླར་སྡུད་པའི་ཚེ། །ཨི་ཙུ་ཡེ་ཤེ་རླུང་གི་ཁམས། །རྀ་ཨུ་བམ་མེ་ཡི་ཁམས། །ཞེས་ཙ་སེ་རླུང་ཁམས་དང། ཊ་སྡེ་མེ་ཁམས་ སུ་བཤད་པ་ལྟར་ན། སྔ་མ་ཡི་གེ་ནོར་བ་ཡིན་ནམ་སྙམ་པས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་དབྱངས་ཡིག་སྔགས་ཀློག་རྣམས་དང་ཇི་ བཞིན་མ་མཐུན་ཀྱང་གཞུང་ལྟར་བྱས་པས་རུང་བར་མངོན་ཏེ། སྔ་འགྱུར་བསྡེབས་རྒྱུད་ཀྱི་དགོངས་པར་མཛད་ནས། བཻ་དཀར་ལས། དབྱངས་ཡིག་ཨ་ཨཱ་ཨྀ་ཨཿ་མཁའ། ཨི་ཨཱི་ས་ཡིན་ཨེ་ ཨཻ་མེ། །ཨུ་ཨཱུ་ཆུ་ལ་ཨོ་ཨཽ་རླུང། །རྀ་རཱྀ་མ་ཡིན་ལ་ལཱྀ་ས། ཞེས་འབྱུང་བའི་ཕྱིར་རོ།། ༈ དང་པོ་ནི། །གཏོར་མ་ཟླ་ཁམ་དེ་མགྲོན་སྤྱི་དང་ཁྱད་པར་མདུན་གྱི་ [009B] ཨོཾ་ཙ་ཚ་ཛ་ཛྙ་ཉ་ཡཾ། ཨོ་ཨཽ་སཱ་ཧཱ། ཞེས་ལན་གསུམ་མམ་ བདུན་གྱིས་བསྔོ། རང་གི་ཐུགས་ཀ་ནས་ལྷ་མོ་མཆོད་རྫས་ཐོགས་པ་སྤྲོས་ཏེ་མཆོད་པར་བསམ་ལ། ཨོཾ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱའི་བར་གྱིས་མཆོད། ས་བོན་ཡི་ལས་བྱུང་བའི་རླུང་གི་རང་ བཞིན་གྱི་རྫས་ནོར་བུ་བཻཌཱུརྱ་སྔོན་པོའི་མདོག་ཅན། རེག་བྱ་ཡང་ཞིང་གཡོ་བའི་རྣམ་པ་ཅན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་ཉིད། བླ་མ་རྗེ་བཙུན་དམ་ པ་སངས་རྒྱས་དང་དེའི་སྟེང་གི་དངོས་རྒྱུད་ཀྱི་བླ་མ་རྣམས་དང། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱོགས་བཞིའི་པད་འདབ་ཏུ་བཞུགས་པའི་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་དང། དེ་རྣམས་ ཀྱི་འོག་གི་པད་རིམ་ལ་བཞུགས་པའི་སངས་རྒྱས་ཐུགས་རྒྱུད་ལ་མངའ་བའི་ཆོས་དང་བཅས་པ་དང། ཚོགས་ཀྱི་མཆོག་ཐེག་པ་གསུམ་གྱི་དགེ་འདུན་དཀོན་མཆོག་རྣམས་དང། ཁྱད་པར་དུ་མདུན་ གྱི་པད་འདབ་ཏུ་བཞུགས་པའི་ཤར་ཕྱོགས་རྡོ་རྗེ་སེམས་དཔའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་མཆོད་པ་དམ་པར་འབུལ་ལོ། །ཐུགས་རྗེས་ཡོངས་སུ་བཞེས་ནས་བདག་ཅག་མཁའ་ [010A]༄༅། །མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་ཤ་དང་རུས་པ་སོགས་སྲ་ཞིང་འཐས་པས་ཁམས་དང། ཁྲག་དང་ཐིག་ལེ་སོགས་བརླན་ཞིང་གཤེར་བ་ཆུ་ཁམས་དང། སྟོད་སྨད་ཀྱི་ དྲོད་སོགས་ཚ་ཞིང་སྲེག་པ་མེ་ཁམས་དང། རྩ་དང་བུ་གའི་རླུང་སོགས་ཡང་ཞིང་གཡོ་བ་རླུང་ཁམས་ཏེ། ནང་གི་འབྱུང་བ་བཞི་ཆ་སྙོམས་པས་ལུས་བདེ་བ་དང། ཕྱི་ཡུལ་གྱི་སྣང་བ་ཐམས་ཅད་རྟེན་ འབྲེལ་སྟོང་པའི་རང་བཞིན་ཅན་དུ་འཆར་ཞིང། སྟོང་ཉིད་རྟེན་འབྲེལ་སྣ་ཚོགས་སུ་ཤར་བའི་སྒོ་ནས། བསྟན་པ་དང་འགྲོ་བའི་དོན་མཐའ་ཡས་པ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་ པར་དུ་བདག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཉོན་མོངས་པ། སྡུག་བསྔལ་དང་དགྲ་སོགས་ལ་དམིགས་ནས་མི་བཟོད་ཅིང་གནོད་པ་བྱ་བར་འདོད་པའི་ཞེ་སྡང་དང། ཆོས་ཐམས་ ཅད་ཀྱི་གནས་ལུགས་ལ་རྨོངས་པའི་གཏི་མུག་བག་ཆགས་དང་བཅས་པ་ལྷག་མེད་དུ་ཞི་བ་དང། མགོ་རླུང་དང་སྙིང་རླུང་དང་གློ་རླུང་ལ་སོགས་པའི་རླུང་གི་ནད་དང། དཀོར་བདག་རྒྱལ་པོའི་ གདོན་དང། ཐེའུ་རང་འགོང་པོའི་གདོན་དང། ཚངས་པ་སོགས་སྟེང་ཕྱོགས་ལྷའི་གདོན་དང། དབང་པོ་སོགས་ཤར་ཕྱོགས་དྲི་ཟའི་གདོན་གྱི་གནོད་པ་རྣམས་ལྷག་མེད་དུ་ཞི་བར་མཛད་དུ་གསོ་ [010B] གཏོར་མགྲོན་གཞན་རྣམས་ཀྱི་སྐུ་ལས་བདུད་རྩི་ཟིམ་ཆར་ལྟ་བུ་དང། གཙོ་བོ་དང་ཤར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་བདུད་རྩི་དྲག་ཆར་ལྟ་བུར་བབས་པས་རང་ གཞན་གྱི་ཉོན་མོངས་སོགས་སྡིག་སྒྲིབ་དུང་ རླུང་སོགས་ནད་བཤང་གཅི་དང་རྣག་ཁྲག་རྒྱལ་འགོང་སོགས་གདོན་སྡོམ་སྡིག་དང་སྦལ་སྤྲུལ་གྱི་རྣམ་པར་སྦྱངས། བདུད་རྩིས་ལུས་ཐམས་ ཅད་མེར་གྱིས་ཁེངས་པས་འབྱུང་བཞི་ཆ་སྙོམས་ཤིང། སྣང་སྟོང་ཟུང་འབྲེལ་གྱི་རྟོགས་པ་ཁྱད་པར་ཅན་མངོན་དུ་གྱུར་པར་བསམ་མོ།། ༈ གཉིས་པ་ནི་ ། གཏོར་མ་གྲུ་གསུམ་དེ་མགྲོན་སྤྱི་དང་ཁྱད་པར་ གཡས་ཀྱི་པད་འདབ་ཏུ་བཞུགས་པའི་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་ལ། ཨོཾ་ཊ་ཐ་ཌ་ཌྷ་ཎ་རཾ། ཨེ་ཨཻ་རྀ་རཱྀ་སཱཧཱ་ས་བསྔོས་ནས་སྔར་བཞིན་མཆོད་ལ། ས་བོན་རཾ་ལས་བྱུང་བའི་མེའི་རང་བཞིན་གྱི་ རྫས་ལི་ཁྲི་དམར་པོའི་མདོག་ཅན། རེག་བྱ་ཚ་ཞིང་མེ་ལྕེ་འབར་བའི་རྣམ་པ་ཅན་གྱི་གཏོར་མ། མགྲོན་སྤྱི་དང་ཁྱད་པར་དུ་གཡས་ཀྱི་པད་འདབ་ཏུ་བཞུགས་པའི་ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་གྱི་ལྷ་ ཚོགས་རྣམས་ལ་ཕུལ་ནས། འདོད་དོན་སྤྱི་དང་ཁྱད་པར་དུ་རང་གཞན་གྱི་ཉོན་མོངས་མཐོ་དམའ་དང་བཟང་ངན་ལ་དམིགས་ནས་སེམས་ཁེངས་ཤིང་མཐོ་བའི་རྣམ་པ་ཅན་གྱི་ང་རྒྱལ་དང། རྙེད་བཀུར་ལ་ [011A]༄༅། །ཆགས་པས་ཡོ་བྱད་གཏོང་མི་ཕོད་པར་དམ་དུ་འཛིན་པའི་སེར་སྣ་སོགས་དང། ཤ་སེར་དང་མིག་སེར་དང་ཀྵ་ཡ་ནག་པ་ལ་སོགས་པའི་མཁྲིས་པའི་ནད་དང། ནག་པ་ བདུད་ཀྱི་གདོན་དང། དམར་པོ་བཙན་གྱི་གདོན་དང། ཕོ་གདོན་དྲི་ཕོ་དང། འཆི་བདག་ནག་པོ་སོགས་ལྷོ་ཕྱོགས་གཤིན་རྗེའི་གདོན་གྱི་གནོད་པ་ཞི་བའི་འཕྲིན་ལས་བཅོལ་ནས་བདུད་རྩི་འབེབས་ སྦྱངས་སྔར་གྱི་རིགས་འགྲེ་སྦྱར་ལ་བྱའོ།། ༈ གཏོར་མ་ཟླུམ་པོ་དེ་མགྲོན་སྤྱི་དང་ཁྱད་པར་རྒྱབ་ཀྱི་པད་འདབ་ཏུ་བཞུགས་པའི་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་ལ། ཨོཾ་པ་ཕ་བ་བྷ་ མ་བཾ། ཨུ་ཨཱུ་སཱཧཱ་ས་བསྔོས་ནས་མཆོད་ལ། ས་བོན་པཾ་ལས་བྱུང་བའི་ཆུའི་རང་བཞིན་གྱི་རྫས་ཟླ་བ་ཆུ་ཤེལ་དཀར་པོའི་མདོག་ཅན། རེག་བྱ་བརླན་ཞིང་གཤེར་བའི་རྣམ་པ་ནན་གྱི་གཏོར་མ་ མགྲོན་སྤྱི་དང་ཁྱད་པར་དུ་རྒྱབ་ཀྱི་པད་འདབ་ཏུ་བཞུགས་པའི་ནུབ་ཕྱོགས་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་རྣམས་ལ་ཕུལ་ནས། འདོད་དོན་སྤྱི་དང་ཁྱད་པར་དུ་རང་གཞན་གྱི་ཉོན་མོངས་ཟག་ བཅས་ཀྱི་དངོས་པོ་ལ་ཡིད་འོང་དུ་མཐོང་ནས་དོན་དུ་གཉེར་བའི་འདོད་ཆགས་སོགས་དང། གྲང་རླུང་དང་གྲང་མཁྲིས་དང་བད་ཀན་གྲང་རྐྱེན་ཅན་ལ་སོགས་པའི་གྲང་བའི་ནད་དང། ལྟ་བ་ལོག་པ་ [011B] མོ་གདོན་དྲི་མོ་དང། ཆུ་ལྷ་སོགས་ནུབ་ཕྱོགས་ཀླུའི་གདོན་གྱི་གནོད་པ་ཞི་བའི་འཕྲིན་ལས་བཅོལ་ནས་བདུད་རྩི་ འབེབས་སྦྱངས་སྔར་བཞིན་བྱའོ།། ༈ བཞི་པ་ནི། གཏོར་མ་གྲུ་བཞི་དེ་མགྲོན་སྤྱི་དང་ཁྱད་པར་གཡོན་གྱི་པད་འདབ་ཏུ་བཞུགས་པའི་དོན་ཡོད་གྲུབ་པའི་ལྷ་ཚོགས་ལ། ཨོཾ་ཏ་ཐ་ད་དྷ་ན་ལ། ལྀ་ལཱྀ་ ཨི་ཨཱི་སཱཧཱ་ས་བསྔོས་ནས་མཆོད་ལ། ས་བོན་ལ་ལས་བྱུང་བའི་སའི་རང་བཞིན་གྱི་རྫས་གསེར་སྦྱངས་བཙོ་མ་སེར་པོའི་མདོག་ཅན། རེག་བྱ་ས་ཞིང་འཐས་པའི་རྣམ་པ་ཅན་གྱི་གཏོར་མ། མགྲོན་སྤྱི་དང་ ཁྱད་པར་དུ་གཡོན་གྱི་པད་འདབ་ཏུ་བཞགས་པའི་བྱང་ཕྱོགས་དོན་ཡོད་གྲུབ་པའི་ལྷ་ཚོགས་རྣམས་ལ་ཕུལ་ནས། འདོད་དོན་སྤྱི་དང་ཁྱད་པར་དུ་རང་གཞན་གྱི་ཉོན་མོངས་རྙེད་བཀུར་ལ་ཆགས་པས་ གཞན་གྱི་ཕུན་ཚོགས་མི་བཟོད་པར་སེམས་འཁྲུག་པའི་ཕྲག་དོག་སོགས་དང། སྐྱེ་བ་དང་སེར་པོ་དང་སྨུག་པོ་སོགས་བད་ཀན་གྱི་ནད་དང། ས་བདག་ལྟོ་འཕྱེ་ཆེན་པོའི་གདོན་དང། ལུས་ངན་སོགས་བྱང་ ཕྱོགས་གནོད་སྦྱིན་གྱི་གདོན་གྱི་གནོད་པ་ཞི་བའི་འཕྲིན་ལས་བཙལ་ནས་བདུད་རྩི་འབེབས་སྦྱངས་སྔར་བཞིན་བྱའོ།། ༈ གཏོར་མ་ལྔ་པ་ཟན་རིལ་ལམ། ཟླུམ་གཏོར་རམ། གླུད་གཟུགས་ [012A]༄༅། །གང་ཡིན་ཀྱང་དེ་ཉིད་འཁོར་འདས་ཀྱི་མགྲོན་སྤྱི་དང་ཁྱད་པར་ལན་ཆགས་ལ་བསྔོ་ཚུལ་ནི། གོང་གི་ཡེ་ཤེས་པ་སྤྱན་འདྲེན་དང་མཉམ་དུ་དགུག་པའམ། ཡང་ན་འདིར་སྐད་ ཅིག་གིས་སེང་ཁྲིའི་འོག་གི་ས་གཞིར་ཕྱོགས་བཞིའི་གདོན་བགེགས་སྤྱི་དང་ཁྱད་པར་ལན་ཆགས་ཀྱི་མགྲོན་རྣམས་གསལ་བཏབ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏྤ་ནྣ་ཏཱད། ཨོཾ་ཨཱ་ ཧཱུཾ་ཕཊ་སཱཧཱ། ཞེས་པ་ལན་གསུམ་གྱིས་བྱིན་གྱིས་བརླབ་ཅིང་བསྔོ་བ་ཡིན་ཏེ། སྔགས་འདི་འབྱུང་པོ་འཁོར་བཅས་ཀྱི་མགྲོན་ཐམས་ཅད་ཀྱི་གཏོར་མ་བྱིན་གྱིས་རློབ་པའི་སྔགས་དང། གཏོར་མ་ བསྔོ་བའི་སྔགས་སུ་བརྟག་གཉིས་རྩ་འགྲེལ་ལས་བཤད་པ་ལྟར་ཡིན་པས། གཞུང་འདིར་གཏོར་མ་ལྔ་པ་འདི་ལ་བྱིན་རླབས་གསལ་བར་མི་འབྱུང་གཡང་ཚུལ་འདི་ལ་དགོངས་པར་མངོན་ནོ། ། དེ་ཡང་སྔགས་འདིའི་དོན་ནི། ཨོཾ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་སེམས་དཔའ་མཚོན་བྱེད། ཨ་ཀྛ་ར་ནི་ཨ་ཡིག་ཉིད། མུ་ཁཾ་ནི་སྒོའོ། །སརྦ་ནི་ཐམས་ཅད། དྷརྨཱ་ཎཱཾ་ནི་ ཆོས་རྣམས་ཀྱི། ཨཱདྱ་ནི་གདོད་མ་ནས། ནུཏྤནྣ་ནི་སྐྱེ་བ་མེད་པའི། ཏྭད་ནི་ཕྱིར། ཨོཾ་ཨཱ་ཧཱུཾ་ནི། རང་དང་མགྲོན་གཉིས་ཀའི་སྒོ་གསུམ་དང། གཏོར་མ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ་བྱེད། ཕཊ་ནི་ [012B] སཱཧཱ་ནི་ཡོན་ཏན་སྡུད་བྱེད་དེ། མདོར་ན་ངེས་དོན་གྱི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་གཏོར་བསྔོའི་འཁོར་གསུམ་སོགས་ཆོས་ཐམས་ཅད་ཀྱི་གནས་ལུགས་ སྟོང་པ་ཉིད་ལ་མཉམ་པར་བཞག་ནས། བདེ་སྟོང་དེ་ཉིད་དག་པའི་འཁོར་གསུམ་རྟེན་འབྲེལ་སྒྱུ་མ་ལྟ་བུར་ཤར་བའི་ངང་ནས་གཏོར་མ་འབུལ་དགོས་པའི་དོན་ཏེ། བར་གྱི་སྔགས་དོན་རྣམས་དྲིལ་ན་ ཨ་ཡིག་ཉིད་གདོང་མ་ནས་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་པར་འགྱུར་རོ། །དེ་ནས་ཡང་མགྲོན་རྣམས་ལ་སྔར་བཞིན་མཆོད་ནས། ཕུན་སུམ་ཚོགས་པའི་འདོད་པའི་ཡོན་ཏན་ལྔ་དང་ ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོའི་གཏོར་མ་འདི་ཉིད། སྔོན་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། རང་ཉིད་ཀྱིས་ཕར་གཞན་བསད་པས་སྲོག་གི་ལན་ཆགས་པ་དང། བཅིངས་ཤིང་ བརྡེག་འཚོག་བྱས་པས་ངན་པའི་ལན་ཆགས་པ་དང། རྫས་མཐུས་ཕྲོགས་ཤིང་འཇབ་བུས་བཀུས་པས་ནོར་གྱི་ལན་ཆགས་པ་སོགས། མདོར་ན་ལན་ཆགས་ཤིང་ཤ་འཁོན་ཞུགས་པས་རང་གི་ ལུས་སྲོག་ལོངས་སྤྱོད་ལ་གནོད་འཚེ་བྱེད་པ་དོན་དུ་གཉེར་བའི་འགྲོ་བ་རྣམས་དང། རང་ལ་བུ་ལོན་ཆགས་པ་མ་གཞལ་བར་ཡོད་པའི་སེམས་ཅན་ཇི་སྙེད་ཅིག་མཆིས་པ་རྣམས་ལ་བསྔོ་བར་ [013A]༄༅། །བྱའོ། །མཆོད་སྦྱིན་གྱི་གཏོར་མ་གང་ལ་ཅི་འདོད་དུ་སྤྲུལ་པ་འདི་ཉིད་ཀྱིས་ཡིད་ཚིམ་པར་གྱུར་ནས་ཕྱིན་ཆད་ལན་ཆགས་གཉེར་བ་རྣམས་ཀྱི་ཤ་འཁོན་འགྲས་ཞུགས་མ་ལུས་ པ་བྱང་ཞིང་དག་ཅིང། བུ་ལོན་ཆགས་པ་རྣམས་ཀྱང་གཏོར་མ་འདིས་ཁྱེར་བར་གྱུར་ནས། ངན་འབྲེལ་ཐོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་ འཕང་དམ་པ་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་ཞེ་ཐག་པ་ནས་གདབ་བོ།། ༈ གསུམ་པ་མཇུག་ཆོག་ལ་གཉིས། སྤྱིར་བཏང་དང། དམིགས་བསལ་ལོ། །དང་པོ་ནི། རྒྱུན་པར་ཤེར་སྙིང་འདོན་པའམ། ཡང་ན། ཆོས་ རྣམས་ཐམས་ཅད་རྒྱུ་ལས་འབྱུང། ཞེས་པ་ནས། ཆོས་རྣམས་དེ་ལྟར་ཤེས་པར་གྱིས། ཞེས་པའི་བར་གྱིས་མར་མགྲོན་རྣམས་ལ་ཆོས་སྦྱིན་བྱས་པས། ཐམས་ཅད་ཀྱིས་དོན་གོ་ནས་རྒྱུད་ལ་ས་ ལམ་གྱི་ཡོན་ཏན་རྣམས་སྐྱེས་པར་བསམས་ལ། མགྲོན་ཡེ་ཤེས་པ་རྣམས་བདག་ཉིད་ལ་ཐིམ་ཞིང། འཇིག་རྟེན་པ་རྣམས་ཟང་ཟིང་གི་སྦྱིན་པས་རྒྱུད་སྨིན། ཆོས་ཀྱི་སྦྱིན་པས་རྒྱུད་གྲོལ་ནས་རང་ གནས་སུ་གཤེགས་པར་གྱུར། ཅེས་བསྡུས་ཏེ། འདི་ལྟར་བགྱིས་པའི་བསོད་ནམས་དང། ཞེས་པ་ནས། སྐུ་གསུམ་གླིང་དུ་ཕྱིན་གྱུར་ཅིག་ཅེས་པའི་བར་གྱིས་བསྔོ་བ་དང་སྨོན་ལམ་བྱ་ཞིང་ [013B] །ཉི་མའི་གུང་ཡང་བདེ་ལེགས་ཤིང། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག་ཅེས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། ། གཉིས་པ་དམིགས་བསལ་ནི། ནད་པའི་ཕྱིར་གླུང་རྫོང་བྱེད་ན། ལན་ཆགས་གཏོར་མ་རྫོགས་པའི་མཇུག་དང། ཀྱཻ་ཞེས་བསྔོ་ཡུལ་རྣམས་ལ་བོས་ནས། རུས་པའི་གླུང་དང་ཤའི་གླུང་གཉིས་ས་ཁམས་སུ་གཅིག་ པས་དེ་གཉིས་དང་གཏོར་མ་གྲུ་བཞི་རྡོ་དང་ས་ལ་དང། ཁྲག་གི་གླུད་དང་གཏོར་མ་ཟླུམ་པོ་ཆུ་དང། དྲོད་ཀྱི་གླུད་དང་གཏོར་མ་གྲུ་གསུམ་མེ་དང། དབུགས་ཀྱི་གླུད་དང་གཏོར་མ་ཟླ་ཁམ་རླུང་དང། སེམས་ ཀྱི་གླུང་དང་ཟླུམ་གཏོར་ནམ་མཁའ་ལ་གཏོར་བ་ཡིན་པས་གླུད་གཏོར་འདི་རྣམས་ནི་ཕྱི་རགས་པ་ལྟར་བལྟས་ན་ནི། ཙན་དན་དཀར་དམར་ཛཱ་ཏི་ག་པུར་གུར་ཀུམ་སྟེ་དྲི་ལྔ་དང། སླེ་ཧྲེས་ཀཎྜ་ཀ་རི་དབང་ ལག་རྒྱ་མཚོ་ལྦུ་བ་ཤུ་དག་དཀར་པོ་སྟེ་སྨན་ལྔའི་རང་བཞིན་དང། ནང་ཕྲ་བ་ལྟར་བལྟས་ན་ནི་གསེར་དངུལ་མུ་ཏིག་བྱུར་མུ་མན་ཏེ་རིན་པོ་ཆེ་སྣ་ལྔའི་རང་བཞིན་དང། གསང་བ་གནས་ལུགས་ ལྟར་བལྟས་ན་ནི་སངས་རྒྱས། མཁའ་འགྲོ། རྡོ་རྗེ། མཁའ་འགྲོ། རིན་ཆེན། མཁའ་འགྲོ། པདྨ། མཁའ་འགྲོ། ལས་ཀྱི་མཁའ་འགྲོ། སྟེ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔའི་རང་བཞིན་ཅན་ཡིན་པས། རྒྱུ་སྦྱོར་བའི་སྦྱིན་ [014A]༄༅། །བདག་དང་སྒྲུབ་པ་པོ་བདག་ཅག་འཁོར་དང་བཅས་པའི་ལུས་སྲོག་གི་གླུད་དང་གཏོར་མ་ཁྱད་པར་ཅན་འདི་རྣམས་ཁྱེད་འབྱུང་བ་ལྔ་ལ་གནས་པའི་ལྷ་འདྲེ་རྣམས་ཀྱིས་ལོང་ལ་ བདག་ཅག་རྣམས་ལ་བསམ་པས་འཁོན་འགྲས་དང། སྦྱོར་བས་གནོད་འཚེ་མ་བྱེད་པར་རང་རང་སོ་སོའི་གནས་སུ་སོངས་ཤིག་ཅེས་པ་དང། གཙྪ་གདོན་བགེགས་ལན་ཆགས་འབྱུང་པོའི་ཚོགས་ རྣམས་རང་གནས་སུ་གཤེགས་པར་གྱུར། ཨོཾ་བཛྲ་ས་མཱ་ཛཿ་མགྲོན་ཡེ་ཤེས་པ་རྣམས་བདག་ཉིད་ལ་ཐིམ་པར་གྱུར། ཅེས་བསྡུས་ལ། བསྔོ་བ་སྨོན་ལམ་དང་བཀྲ་ཤིས་སྔར་བཞིན་བྱས་ཏེ། ཟླུམ་ གཏོར་གླུད་དང་བཅས་པ་ནམ་མཁར་འཐོར་བའམ་ས་གཙང་སར། གྲུ་བཞི་བྱང། ཟླུམ་པོ་ནུབ། གྲུ་གསུམ་ལྷོ། ཟླ་ཁམ་ཤར་ཕྱོགས་སུ་བསྐྱལ་ལོ། སྨྲས་པ། སྙིགས་མའི་ལང་ཚོ་དར་བའི་སྔོ་ བསངས་མར། །ནག་པོའི་ལས་ཀྱི་ཆུ་འཛིན་ཆེར་འཁྲུགས་ཏེ། །ནད་གདོན་མེ་ཆར་འབེབས་ལས་སྐྱོབ་པའི་གོ་འབྱུང་བཞི་གཏོར་མའི་མ་ང་ན་འདིར་བས། །དེ་ཕྱིར་ཀྭ་ཡེ་གཟུར་གནས་བློ་ལྡན་དག་ བཤད་འཁྲིད་སྒེག་མོའི་མེ་ལོང་འདིར་ལྟོས་དང། །ཚིག་དོན་དམིགས་གནད་མཛེས་པའི་བཞིན་རས་ནི། །མངོན་དུ་གྱུར་ནས་སྤྲོ་དགའ་ཅིས་མི་འཕེལ། །མན་ངག་བདུད་རྩིས་རྣ་བའི་སྣོད་བཀངས་ཤིང་ [014B] །སེམས་ཉིད་རྟོག་དཔྱོད་ཁུར་གྱིས་དུབ་བྱས་ནས། །བགྱིས་སོ་སྣོད་ལྡན་མཆིས་ན་ཅི་དགར་སྤྱོད། །འོན་ཏེ་ས་ལེ་སྦྲམ་དང་གསེག་མའི་ཕྱེ། །རིན་ཐང་ མཉམ་པོར་འདེགས་པ་དེང་གི་དུས། །དཔྱད་གསུམ་ཡོངས་དག་ལེགས་བཤད་སྨྲ་བ་ཡང། །ཙུ་ཏའི་ཡུལ་དུ་རྐང་གཉིས་སྒྲུབ་པ་འདྲ། །རབ་དཀར་ལྷག་བསམ་འོ་མའི་རྫིང་བུ་ལས། །འཁྲུངས་པའི་ ལེགས་བྱས་དཔག་བསམ་ལྗོན་པའི་རྩེར། །རྣམ་མཁྱེན་འབྲས་བུའི་གཡུར་ཟ་ལྡེམ་པའི་རོ། །མཁའ་མཉམ་ཡིད་ཅན་ཀུན་གྱིས་མྱོང་གྱུར་ཅིག་ ཅེས་འབྱུང་བཞི་གཏོར་མའི་བཤད་འཁྲིད་ལེགས་བཤད་གསར་ པའི་དགའ་སྟོན་མཐོང་བ་འཛུམ་ཤོར་ཞེས་བྱ་བ་འདི་ནི། ཤེལ་དཀར་ལེགས་བཤད་གླིང་གི་རབ་འབྱམས་སྨྲ་བ་བློ་བཟང་ཡེ་ཤེས་ཞེས་བྱ་བས་རྗེ་སྨན་ཁང་པའི་རྣམ་མགུར་གླེགས་བམ་གྱི་སྐྱེས་དང་བཅས་གསུང་འཕྲིན་གྱི་ལམ་ནས་བསྐུལ་མ་མཛད་ངོར་ དགེ་སློང་སྙོམ་ལས་པ་དྷརྨ་བྷ་དྲས་བླ་མའི་མན་ངག་དང་འདི་སྐོར་གྱི་ཡིག་ཆ་ཅི་རྙེད་ལ་ལེགས་པར་བརྟགས་ཏེ་དབང་ཕྱུག་གི་ལོའི་ས་ག་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་དང་པོའི་ཚེས་ལ་བཞད་དངུལ་ཆུའི་རི་ཕུག་ཏུ་སྦྱར་བའོ། །འདིས་ཀྱང་བསྟན་འགྲོ་ ལ་ཕན་པར་གྱུར་ཅིག་ ༄༅། སྡེ་དགེའི་པར་རྐོས་ཚེ་རིང་དབང་རྒྱལ་གྱིས་པར་ཏུ་བསྒྲུབས་པ་དགེའོ།། སརྦ་ཛག་ཏཾ།། །།